ཁྱབ་བསྒྲགས།

དོན་ཚན། སོ་ནམ་ཐོན་སྐྱེད་ཚུ་ཕྱིར་ཚོང་གི་དོན་ལས་ ཞིབ་དཔྱད་དང་ རྩི་ཤིང་གཙང་སྦྲའི་ལག་ཁྱེར་ Phytosanitary Certificate (PSC) སྤྲོད་ནིའི་ནང་ལྷན་ཐབས་ལུ་དམིགས་ཏེ་ ཆུ་ཁ་ཆ་འདུས་ ས་གནས་དམ་ཆུ་ཟེར་སར་ གནས་སྐབས་ཀྱི་ཞིབ་དཔྱད་ཡིག་ཚང་ཅིག་ གཞི་བཙུགས་འབད་ཡོདཔ།

སོ་ནམ་ཐོན་སྐྱེད་ཕྱིར་ཚོང་གི་དུས་ཚོད་ འགོ་བཙུགསཔ་དང་འབྲེལ་ མི་སེར་སོ་ནམ་པ་དང་ ཕྱིར་ཚོང་འཐབ་མི་ཚུ་གི་ཧོངས་ལས་ འཕྲལ་འབྱུང་གི་ཞུ་བ་ ལེ་ཤ་བཀོད་མི་དང་འཁྲིལ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༨ པའི་ཚེས་ ༣ ལས་ ཆུ་ཁ་ཆ་འདུས་ ས་གནས་དམ་ཆུ་ཟེར་སར་ གནས་སྐབས་ཀྱི་ཞིབ་དཔྱད་ཡིག་ཚང་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན། ཐབས་བྱུས་དེ་གིས་ ཞིབ་དཔྱད་ཀྱི་ཞབས་ཏོག་རྒྱ་ཆེ་དྲགས་དང་ ནང་འདྲེན་འཐབ་མི་རྒྱལ་ཁབ་ཀྱི་དགོས་མཁོ་དང་འཁྲིལ་ རྩི་ཤིང་གཙང་སྦྲའི་ལག་ཁྱེར་ Phytosanitary Certificate (PSC) སྤྲོད་ནིའི་ནང་ལྷན་ཐབས་འབྱུང་ཚུགས།

ཐིམ་ཕུ་དང་སྤ་རོ་རྫོང་ཁག་གི་ འབྲེལ་ཡོད་མི་ངོ་དང་ སྡེ་ཚན་ ཚོང་པ་ཚུ་ག་ར་གིས་ ཞིབ་དཔྱད་ཀྱི་ཞབས་ཏོག་དང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ཞིབ་དཔྱདཔ་ཚུ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩི་ཤིང་གཙང་སྦྲའི་ལག་ཁྱེར་ Phytosanitary Certificate (PSC) དེ་ ལེན་གནང་ཟེར་ཞུ་ནི་ཨིན།

རྫོང་ཁག་གཞན་མི་ཚུ་ནང་འབད་བ་ཅིན་ ཞིབ་དཔྱད་ཀྱི་ཞབས་ཏོག་དང་ རྩི་ཤིང་གཙང་སྦྲའི་ལག་ཁྱེར་ Phytosanitary Certificate (PSC) དེ་ རྫོང་ཁག་ ༢༠ གྱི་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ཡིག་ཚང་ག་ར་དང་ ཡན་ལག་ཡིག་ཚང་ཚུ་ལས་ཕུལ་ནི་ཨིན།

ནང་འདྲེན་འཐབ་མི་རྒྱལ་ཁབ་ཀྱི་དགོས་དོན་ཚུ་འགྲུབ་ནི་དང་ སོ་ནམ་ཐོན་སྐྱེད་ཚུ་ ཐོགས་པ་མེད་པར་ ཚོང་འབྲེལ་འཐབ་ནིའི་ནང་ལྷན་ཐབས་ཀྱི་དོན་ལས་ ང་བཅས་ཀྱིས་ ཁྱེད་ལས་རྒྱབ་སྐྱོར་ཧྲིལ་བུམ་དང་ ངོས་ལེན་ཚུ་ འཚོལཝ་ཨིན།

དྲི་དཔྱད་དང་དོགས་སེལ་ཁ་སྐོང་ག་ཅིའི་ཐད་ལས་ཨིན་རུང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་དང་གཅིག་ཁར་ སྤྱོད་ཁྲལ་དགོངས་ཡངས་ ཨང་ ༡༥༥༥ ནང་འབྲེལ་བ་འཐབ་གནང་ཟེར་ཞུ་ནི་ཨིན།

-འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན།

Loading

Print Friendly, PDF & Email
Share