ལྷན་ཁག།

ང་བཅས་ཀྱི་སྐོར།

འཆར་སྣང་།

འབྲུག་མི་དང་རང་བཙན་རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་གྱི་བདེ་སྐྱིད་འདྲ་མཉམ་བཟོ་ནིའི་དོན་ལུ་ ཡུན་བརྟན་གྱི་བཟའ་འཐུང་ལམ་ལུགས་དང་རང་བཞིན་གྱི་ཐོན་སྐྱེད།

དམིགས་སྐྱེད།

བཟའ་འཐུང་དང་རང་བཞིན་གྱི་ཐོན་སྐྱེད་ལངམ་བཟོ་སྟེ་ འབྲུག་མིའི་མི་སྡེ་དཔལ་འབྱོར་གྱི་བདེ་སྐྱིད་ཡུན་བརྟན་བཟོ་ནི།

ལྷན་ཁག་གི་བྱུང་རབས།

སོ་ནམ་དང་ནགས་ཚལ་ལྷན་ཁག་འདི་ མངའ་བདག་རྒྱལ་པོའི་ཡིག་ཚང་གི་འོག་ལུ་ སྤྱི་ལོ་ ༡༩༨༥ ལུ་ གཞི་བཙུགས་འབད་ནུག། མངའ་བདག་རྒྱལ་པོའི་ཡིག་ཚང་གི་དྲུང་ཆེན་ དྲག་ཤོས་ལས་སྐྱིད་རྡོ་རྗོ་འདི་ ལྷན་ཁག་གསརཔ་གི་འགོ་འཛིན་སྦེ་ཕྱག་ཞུ་ནུག། ལྷན་ཁག་གསརཔ་འདི་ མངའ་བདག་རྒྱལ་པོའི་ཡིག་ཚང་ལས་ སྤྱི་ལོ་ ༡༩༨༦ ལུ་ སོ་སོ་སྦེ་སྤོ་ནུག། དྲག་ཤོས་ལས་སྐྱིད་རྡོ་རྗེ་གིས་འཕྲོ་མཐུད་དེ་ ལྷན་ཁག་གི་དྲུང་ཆེན་སྦེ་ཕྱག་ཞུ་ནུག།

ནགས་ཚལ་ལས་ཁུངས་འདི་ ལོ་ལྔའི་འཆར་གཞི་འགོ་མ་བཙུགས་པའི་ཧེ་མ་ལས་ སྤྱི་ལོ་ ༡༩༥༢ ལུ་ གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༩༦༡ ལུ་ ནགས་ཚལ་ལས་ཁུངས་འདི་ ཚོང་འབྲེལ། བཟོ་གྲྭ་དང་ ནགས་ཚལ་ལྷན་ཁག་གི་འོག་ལུ་སྡོད་ཡོདཔ་དང་ སོ་ནམ་ལས་ཁུངས་དང་སྒོ་ནོར་གསོ་སྐྱོང་ལས་ཁུངས་འདི་ གོང་འཕེལ་ལྷན་ཁག་གི་འོག་ལུ་སྡོད་ནུག། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༡༩༨༠ ལུ་ གཞི་བཙུགས་འབད་ཡོད་པའི་གཡོག་སྡེ་ལམ་ལུགས་དང་འཁྲིལ་ ལྷན་ཁག་དང་ལས་ཁུངས་ཚུ་ ལོག་སྟེ་གོ་སྒྲིག་འབད་ནུག། གོ་སྒྲིག་འབད་མི་དེ་དང་བསྟུན་ སོ་ནམ་ལྷན་ཁག་འདི་ ནགས་ཚལ་དང་ སོ་ནམ་ དེ་ལས་སྒོ་ནོར་གསོ་སྐྱོང་གསུམ་གི་འགན་འཁྲི་འབག་བཅུག་ནུག། ནགས་ཚལ་ལས་ཁུངས་དང་ སོ་ནམ་ལས་ཁུངས་ དེ་ལས་ སྒོ་ནོར་གསོ་སྐྱོང་ལས་ཁུངས་འདི་ སྤྱི་ལོ་ ༡༩༨༥ ལུ་ སོ་ནམ་ལྷན་ཁག་གི་འོག་ལུ་བཙུགས་ནུག། ལྷན་ཁག་དང་ལས་ཁུངས་ཚུ་ ས་གོ་སོ་སོ་ཚུ་ནང་གནས་ཡོདཔ་ཨིན་མས། སོ་ནམ་ལྷན་ཁག་འདི་ མུ་ཏིག་ཐང་སྨད། ནགས་ཚལ་ལས་ཁུངས་འདི་ ཆུ་རྩལ་རྐྱབ་སའི་ས་གནས། སོ་ནམ་ལས་ཁུངས་འདི་ ཀ་ཝང་བྱང་ས་དང་ སྒོ་ནོར་གསོ་སྐྱོང་ལས་ཁུངས་འདི་ བཀྲ་ཤིས་ཆོས་རྫོང་གི་ཉེ་འདབས་ལུ་གནས་ཏེ་སྡོད་ནུག།

སྤྱི་ལོ་ ༡༩༩༠ ལུ་ སོ་ནམ་ལྷན་ཁག་གིས་ ནང་འཁོད་གཞི་སྒྱུར་འབད་ནི་འགོ་བཙུགས་ནུག། སྤྱི་ལོ་ ༡༩༩༣ ལུ་ ལས་ཁུངས་ཀྱིས་འབད་ནི་ཡོད་པའི་ སྲིད་བྱུས་དང་འཆར་གཞི་གི་ལཱ་འགན་ཚུ་མཉམ་སྡེབ་འབད་དེ་ ལྷན་ཁག་དང་གཅིག་ཁར་བསྡོམ་ཞིནམ་ལས་ སྲིད་འཆར་སྡེ་ཚན་བཟོ་ནུག། འདི་བཟུམ་སྦེ་ ལས་ཁུངས་ཁག་གི་བདག་སྐྱོང་དང་དངུལ་རྩིས་ཀྱི་ལཱ་འགན་ཚུ་མཉམ་སྡེབ་འབད་དེ་ བདག་སྐྱོང་དང་དངུལ་རྩིས་ཀྱི་སྡེ་ཚན་བཟོ་ནུག། འ་ནཱི་སྡེ་ཚན་གཉིས་འདི་ལས་ཁུངས་ཚུ་གི་འཆར་གཞི་དང་ སྲིད་བྱུས་ བདག་སྐྱོང་  དེ་ལས་དངུལ་རྩིས་དང་འབྲེལ་བའི་ཞབས་ཏོག་ཚུ་བྱིན་ནིའི་འགན་ཁུར་སྤྲོད་ཡོདཔ་ཨིན་མས། གོ་སྒྲིག་གི་བསྒྱུར་བཅོས་དེ་སྦེ་འབད་དགོ་མི་ཡང་ ལས་ཁུངས་ཚུ་དེ་བཟུམ་མའི་ལཱ་འགན་ལས་རང་དབང་ཅན་བཟོ་སྟེ་ ལས་ཁུངས་ཁོང་རའི་འཕྲུལ་རིག་གི་ལཱ་ལུ་གཙོ་བོར་བཏོན་བཅུག་ནི་ལུ་དམིགས་ཏེ་ཨིན་མས། སོ་ནམ་དང་ ནགས་ཚལ་ དེ་ལས་སྒོ་ནོར་གྱི་བར་ན་ཡོད་པའི་ལྷན་སྐྱེས་ཀྱི་ཕན་ཚུན་རྟེན་འབྲེལ་འདི་ ཡུན་བརྟན་སོ་ནམ་གོང་འཕེལ་གྱི་དོན་ལུ་ རྒྱུ་རྐྱེན་གཙོ་བོ་ཅིག་ཨིནམ་སྦེ་འཆར་ནུག། སོ་ནམ་དང་ ནགས་ཚལ་ དེ་ལས་སྒོ་ནོར་གསུམ་གཅིག་ཁར་བསྡོམ་མི་འདི་གིས་  དམིགས་གཏད་དང་དམིགས་འབྲས་འཐོབ་ཚུགས་ནུག། འདི་གིས་ གོ་སྒྲིག་བསྒྱུར་བཅོས་ནང་ལུ་ལམ་སྟོན་འབད་ནུག།

མངོན་གསལ་ཅན་དུ་ སྤྱི་ལོ་ ༡༩༩༣ ལུ་ ཞིབ་འཚོལ་དང་རྒྱ་སྐྱེད་ལཱ་གཡོག་ཚུ་མཉམ་གཅིག་བསྡོམ་ཏེ་ སོ་ནམ་ལས་ཁུངས་ལུ་ཞིབ་འཚོལ་རྒྱ་སྐྱེད་དང་ཆུ་འདྲེན་སྡེ་ཚན་སྦེ་མིང་གསརཔ་བཏགས་ཡོད་མི་འདི་ ཞིབ་འཚོལ་དང་རྒྱ་སྐྱེད་ཀྱི་འགན་ཁག་སྤྲོད་ནུག། སྒོ་ནོར་གསོ་སྐྱོང་ལས་ཁུངས་ཀྱི་ཞིབ་འཚོལ་དང་རྒྱ་སྐྱེད་ལཱ་གཡོག་འདི་ ཞིབ་འཚོལ་རྒྱ་སྐྱེད་དང་ཆུ་འདྲེན་སྡེ་ཚན་དང་གཅིག་ཁར་བསྡབ་ནུག། དེ་ལས་ ནགས་ཚལ་ལས་ཁུངས་ཀྱི་ ཞིབ་འཚོལ་ཞབས་ཏོག་རྐྱངམ་གཅིག་ དེ་དང་གཅིག་ཁར་བསྡབ་ནུག། ནགས་ཚལ་རྒྱ་སྐྱེད་ལཱ་གཡོག་འདི་ འཕྲོ་མཐུད་དེ་ར་ ནགས་ཚལ་ལས་ཁུངས་ཀྱི་འོག་ལུ་བཞག་ཡོདཔ་དང་ ནགས་ཚལ་ཞབས་ཏོག་སྡེ་ཚན་སྦེ་མིང་བཏགས་ནུག། སོ་ནམ་དང་སྒོ་ནོར་ནང་འདེབས་ཁོ་ཆས་དང་ འཕྲུལ་ཐོག་ཞིང་ལཱ་གཉིས་གཅིག་ཁར་བསྡོམ་ཏེ་ སྒོ་ནོར་གསོ་སྐྱོང་ལས་ཁུངས་དང་བསྡབ་ཞིནམ་ལས་ ལོ་ཐོག་དང་སྒོ་ནོར་ལཱ་གཡོག་སྡེ་ཚན་སྦེ་མིང་བཏགས་ནུག།

ད་རུང་ སྤྱི་ལོ་ ༡༩༩༣ ལུ་ ནགས་ཚལ་གོང་འཕེལ་ལས་འཛིན་ཚད་སྦེ་མིང་བཏགས་ཡོད་མི་ རང་བཞིན་ཐོན་སྐྱེད་སྦྱོང་བརྡར་སྤེལ་ཁང་དང་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ དེ་ལས་འབྲུག་སྒོ་ནོར་ལས་འཛིན་ཚད་ཚུ་ སོ་ནམ་ལྷན་ཁག་གི་འོག་ལུ་ རང་སྐྱོང་ལས་སྡེ་སྦེ་གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༩༩༩ ལུ་ གོ་སྒྲིག་བསྒྱུར་བཅོས་འབད་ནི་འཕྲོ་མཐུད་བཞིན་དུ་ ཞིབ་འཚོལ་རྒྱ་སྐྱེད་དང་ཆུ་འདྲེན་སྡེ་ཚན་འདི་ ཞིབ་འཚོལ་དང་གོང་འཕེལ་ལཱ་གཡོག་ལས་ཁུངས་སྦེ་མིང་བཏགས་ནུག། དེ་ལས་ ནགས་ཚལ་ཞབས་ཏོག་སྡེ་ཚན་འདི་ ནགས་ཚལ་ཞབས་ཏོག་ལས་ཁུངས་དང་ ལོ་ཐོག་དང་སྒོ་ནོར་ཞབས་ཏོག་སྡེ་ཚན་འདི་ སོ་ནམ་དང་སྒོ་ནོར་རྒྱབ་སྐྱོར་ལཱ་གཡོག་ལས་ཁུངས་སྦེ་མིང་བཏགས་ནུག། ལོ་འདི་ནང་ར་ རང་སྐྱོང་ལས་སྡེ་ཁ་སྐོང་གཞི་བཙུགས་འབད་ཡོདཔ་དང་ འདི་གི་འོག་ལུ་ སྤུས་ཚད་ཚད་འཛིན་ལཱ་གཡོག་དང་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལྟེ་བ་ འབྲུག་སོན་ལས་འཛིན་ཚད་ དེ་ལས་ བརྡ་དོན་དང་བརྒྱུད་འབྲེལ་ཞབས་ཏོག་ཚུ་ཚུད་ནུག། སྤྱི་ལོ་ ༢༠༠༣ ལུ་ སྤུས་ཚད་ཚད་འཛིན་ལཱ་གཡོག་འདི་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་སྦེ་མིང་བཏགས་ནུག། དེ་ལས་ སོ་ནམ་ཚོང་འབྲེལ་ལཱ་གཡོག་ཡང་གཞི་བཙུགས་འབད་ནུག། ས་འཇལ་དང་ས་གཞི་ཐོ་བཀོད་ལས་ཁུངས་འདི་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་ཕྱིར་བཏོན་ཞིནམ་ལས་ སྤྱི་ལོ་ ༢༠༠༣ ལུ་ སོ་ནམ་ལྷན་ཁག་གི་འོག་ལུ་བཙུགས་ནུག། དེ་ལས་ སྤྱི་ལོ་ ༢༠༠༦ ལུ་ རང་སྐྱོང་གི་ལྷན་ཚོགས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་སྦེ་གཞི་བཙུགས་འབད་ནུག། སྤྱི་ལོ་ ༢༠༠༣ ལུ་ ཞིབ་འཚོལ་དང་གོང་འཕེལ་ལཱ་གཡོག་ལས་ཁུངས་འདི་ སོ་ནམ་ལས་ཁུངས་དང་ཞིབ་འཚོལ་རྒྱ་སྐྱེད་ཚོགས་སྡེ་གཉིས་ལུ་ཁག་འགྱེས་བཏང་ནུག། སོ་ནམ་དང་སྒོ་ནོར་རྒྱབ་སྐྱོར་ལཱ་གཡོག་ལས་ཁུངས་འདི་ སྒོ་ནོར་ལས་ཁུངས་དང་ ཞིབ་འཚོལ་རྒྱ་སྐྱེད་ཚོགས་སྡེ་འདི་ འབྲུག་རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ཚོགས་སྡེ་ དེ་ལས་ ནགས་ཚལ་གོང་འཕེལ་ལས་འཛིན་ཚད་འདི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་སྦེ་མིང་བཏགས་ནུག།

སྤྱི་ལོ་ ༢༠༠༩ ལུ་ ལོག་སྟེ་རང་གོ་སྒྲིག་བསྒྱུར་བཅོས་འབད་མི་འདི་གིས་ ནགས་ཚལ་ལས་སྡེ་འདི་བསྡབ་ཞིནམ་ལས་ ལྷན་ཁག་གི་མིང་ སོ་ནམ་དང་ནགས་ཚལ་ལྷན་ཁག་སྦེ་ མིང་གསརཔ་བཏགས་ནུག། དེ་ལས་ ནགས་ཚལ་ལས་ཁུངས་འདི་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་སྦེ་མིང་བཏགས་ནུག། སོ་ནམ་ཚོང་འབྲེལ་ཞབས་ཏོག་འདི་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་སྦེ་བཟོ་ཡོདཔ་དང་ ཡིག་ཚིང་ཡང་མུ་ཏིག་ཐང་སྨད་ལུ་སྤོ་ནུག། འབྲུག་རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ཚོགས་སྡེ་འདི་ནང་ལས་ ཞིབ་འཚོལ་ལྟེ་བ་ག་ར་ཕྱིར་བཏོན་ཞིནམ་ལས་ ལོག་གོ་སྒྲིག་བསྒྱུར་བཅོས་འབད་དེ་ རང་སོའི་ལས་ཁུངས་ཚུ་གི་འོག་ལུ་བཙུགས་ནུག། སྤྱི་ལོ་ ༢༠༡༠ ལུ་ འབྲུག་སོན་ལས་འཛིན་ཚད་འདི་ ལྷན་ཁག་གི་འོག་ལུ་བཙུགས་ཞིནམ་ལས་ རྒྱལ་ཡོངས་སོན་ལས་རིམ་སྦེ་མིང་བཏགས་ཞིནམ་ལས་ སོ་ནམ་ལས་ཁུངས་ཀྱི་འོག་ལུ་བཙུགས་ནུག།

འབྲུག་གི་ཞི་གཡོག་ལེགས་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མའི་དགོངས་དོན་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་སྤྱི་ཚེས་ ༣༠/༡༢/༢༠༢༢ ལུ་གནང་བའི་ཡིག་ཨང་ ཞི་ལྷན/མི་སྟོབས་འཛིན་སྐྱོང་སྡེ་ཚན/ཞི༢༠༢༢/༢༢༧༢ ཅན་མ་དང་འཁྲིལ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འདི་གཞི་སྒྱུར་འབདཝ་བཞིན་དུ་ ལྷན་ཁག་གི་མིང་ཡང་ སོ་ནམ་དང་སྒོ་ནོར་ལྷན་ཁག་ཟེར་བཏགས་ཡོདཔ་དང་ ལྷན་ཁག་གི་འོག་ལུ་ འོག་གི་ལས་ཁུངས་དང་ལས་སྡེ་ལྟེ་བ་ཚུ་ཡོདཔ་ཨིན།

༡༽ སོ་ནམ་ལས་ཁུངས།

༢༽ སྒོ་ནོར་ལས་ཁུངས།

༣༽ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས།

༤༽ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལྟེ་བ།

Loading

Print Friendly, PDF & Email
Share