རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལྟེ་བ་གི་སྐོར།

རྒྱབ་ཁུངས།

འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐུན་ ༧༣ པ་གི་ཐོག་ལས་ སྤྱི་ལོ་ ༡༩༩༥ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་སྐྱེ་ལྡན་རིགས་སྣའི་ཆོད་ཡིག་གུ་ ཆ་འཇོག་མཚན་རྟགས་བཀོད་ནུག། འགྲོ་བ་མི་རིགས་ལུ་ སྐྱེ་ལྡན་རིགས་སྣའི་གལ་ཅན། རྒྱལ་ཁབ་ཁོ་རའི་ རང་བཞིན་གནས་སྟངས་ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་དང་ རང་བཞིན་གནས་སྟངས་ཉམས་སྲུང་ལུ་ ལྷག་བསམ་རྣམ་བདག་ཀྱི་འགོ་ཁྲིད་འབད་ཐངས་ཀྱི་ངོས་འཛིན་ལུ་ ཚོགས་པ་སྦེ་ཐོབ་ནུག། འཛམ་གླིང་སྤྱི་ཚོགས་ཀྱི་སྐྱེ་ལྡན་རིགས་སྣའི་ཆོད་ཡིག་འདི་ རྒྱལ་ཁབ་ ༡༩༣ ཀྱིས་ མཚན་རྟགས་བཀོད་ཡོད་པའི་ ཡོངས་སུ་རྫོགས་པའི་རྒྱལ་སྤྱིའི་གན་ཡིག་ཅིག་ཨིན། རྒྱལ་ཁབ་ཚུ ་གིས་ སྐྱེ་ལྡན་ཐོན་སྐྱེད་ཀྱི་ཉམས་སྲུང་དང་ཡུན་བརྟན་བཀོལ་སྤྱོད། སྐྱེ་ལྡན་ཐོན་སྐྱེད་ལས་འཐོབ་པའི་ཁེ་ཕན་འདི་ འོས་ལྡན་དང་འདྲ་མཉམ་གྱི་ཐོག་ལས་ བགོ་བཤའ་རྐྱབ་ནི་ལུ་ ཁས་ལེན་འབད་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཀྱིས་ དོན་ཁུངས་ཡོད་པའི་ ཨེ་བི་ཨེས་མཉམ་རུབ་བཟོ་ནི་ལུ་ ནོ་གོ་ཡ་ཐོབ་སྤྱོད་དང་ཁེ་ཕན་བགོ་བཤའི་ལམ་ལུགས་གུ་ སྤྱི་ལོ་ ༢༠༡༡ ལུ་ མཚན་རྟགས་བཀོད་ཡོདཔ་ཨིན། འདི་གིས་ སྐྱེ་ལྡན་ཐོན་སྐྱེད་ཀྱི་ ཚད་ལྡན་ཐོབ་སྤྱོད་ཐོག་ལས་ རྒྱལ་ཁབ་དང་མི་སེར་ལུ་ ཕན་ཐོགས་ནི་ཨིན་མས། རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལྟེ་བ་འདི་ ནོ་གོ་ཡ་རིགས་རྒྱུན་ཐོན་ཁུངས་ཐོབ་སྤྱོད་ཀྱི་ལམ་ལུགས་དང་ སྐྱེ་ལྡན་ཐོན་སྐྱེད་ལས་འཐོབ་པའི་ འོས་ལྡན་དང་འདྲ་མཉམ་ཁེ་ཕན་བགོ་བཤའི་དོན་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ ལྷན་ཚོགས་ཞལ་འཛོམས་ ཐེངས་ ༤༤ པའི་སྐབས་ རྒྱལ་ཡོངས་ངོ་ཚབ་གཙོ་ཅན་སྦེ་ ངོས་འཛིན་འབད་ནུག།

ཆོད་ཡིག་འདི་ཆ་སྦྱོར་འབད་བའི་ཤུལ་ལུ་ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་ ༡༩༩༧ ལུ་ སྐྱེ་ལྡན་རིགས་སྣའི་བྱ་ལེན་འཆར་གཞི་འདི་ རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་སྐྱེད་ ཉམས་སྲུང་འབད་ནི་དང་ ཡུན་བརྟན་དུ་སྤྱོད་ནི་ལུ་ ལམ་སྟོན་སྲིད་བྱུས་སྦེ་བཟོ་ནུག། ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ འབྲུག་རྒྱལ་ཁབ་ཀྱིས་ སྐྱེ་ལྡན་རིགས་སྣའི་བྱ་ལེན་འཆར་གཞི་གསུམ་བཟོ་སྟེ་ ལག་ལེན་འཐབ་ཡོདཔ་ཨིན། འདི་ཡང་ འགོ་ཐོག་ སྤྱི་ལོ་ ༡༩༩༨། གཉིས་པམ་ ༢༠༠༢ དང་ གསུམ་པམ་འདི་ ༢༠༠༩ ལུ་ བཟོ་ཡོདཔ་ཨིན་མས། སྤྱི་ལོ་ ༢༠༡༤ ལུ་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་སྤྱི/ཨའི་ཅི་སྐྱེ་ལྡན་དམིགས་གཏད་ ༢༠༢༠ ཅན་མ་དང་ རྒྱལ་ཡོངས་ཀྱི་གཙོ་རིམ་དང་བསྟུན་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ཐབས་ལམ་དང་འཆར་གཞི་བཟོ་ནུག། སྐྱེ་ལྡན་རིགས་སྣའི་བྱ་ལེན་འཆར་གཞི་འདི་ རྒྱལ་ཁབ་ནང་ཡོད་པའི་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་ནི་དང་ ཡུན་བརྟན་དུ་སྤྱོད་ནི་ལུ་ ལམ་སྟོན་འབད་ནིའི་ཡིག་ཆ་ཨིན། དེ་ལས་ མི་རློབས་ཀྱི་དགོས་མཁོ་དང་འཁྲིལ་ཏེ་ གོང་འཕེལ་གཏང་ནི་དང་ རྒྱལ་ཁབ་ཀྱི་གནས་སྟངས་དང་འཁྲིལ་ ཡིག་ཆ་འདི་ ལོ་དག་པ་ཅིག་གི་རྒྱབ་ལས་ ཚར་རེ་བཟོ་དོ་ཡོདཔ་ཨིན། སྐྱེ་ལྡན་རིགས་སྣའི་བྱ་ལེན་འཆར་གཞི་འགོ་ཐོག་བརྩམ་པའི་སྐབས་ སྐྱེ་ལྡན་རིགས་སྣའི་འགན་ཁུར་ཚུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ནང་འཁོད་ལུ་ སྡེ་ཕྲན་དག་པ་ཅིག་གི་གྱལ་ཁ་ བགོ་ཡོདཔ་སྦེ་ངོས་འཛིན་ནུག། དེ་ཡང་ སྐྱེ་ལྡན་རིགས་སྣའི་འཛིན་སྐྱོང་གི་ལོ་རྒྱུས་དང་ ནང་འཁོད་དང་རི་དྭགས་ཀྱི་སྐྱེ་ལྡན་རིགས་སྣའི་ཁྱད་པར་ལུ་ ཟུར་ཙམ་རེ་གཞི་བཏག་སྟེ་ འགན་ཁུར་ཚུ་ བགོ་ཡོདཔ་སྦེ་ངོས་འཛིན་ནུག། འདི་ལས་བརྟེན་ འཕྲལ་འཕྲལ་ར་ སྐྱེ་ལྡན་རིགས་སྣའི་འཛིན་སྐྱོང་ཡོངས་རྫོགས་སྦེ་འགོ་འདྲེན་འཐབ་ནི། དམིགས་ཡུལ་བཟོ་བཀོད་ནི། འཆར་གཞི་བརྩམ་ནི་དང་ མཉམ་འབྲེལ་འབད་ནི་ལུ་ དཀའ་ངལ་ཐོན་སྡོད་ནུག། དེ་འབདཝ་ལས་ བྱ་ལེན་འཆར་གཞི་གིས་ གཙུག་སྡེའི་སྒྲིག་ཆ་འབད་དགོཔ་དང་ སྐྱེ་ལྡན་ཉམས་སྲུང་གི་མཉམ་སྡེབ་ལས་རིམ་འགོ་བཙུགས་དགོཔ་སྦེ་ རྒྱབ་སྣོན་འབད་ནུག། འདི་ལུ་བརྟེན་ སྤྱི་ལོ་ ༡༩༩༨ ལུ་ ལས་རིམ་མདོ་ཆེན་གྱི་འགོ་ཁྲིད་འབད་དེ་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལས་རིམ་དང་ འཕྲུལ་རིག་ལས་རིམ་ རྒྱལ་ཡོངས་སྔོ་ཤིང་བསྡུ་གསོག་ཁང་དང་ སོ་ནམ་སྐྱེ་ལྡན་རིགས་སྣའི་ལས་རིམ་གཉིས་ འགོ་བཙུགས་ནུག།

སྤྱི་ལོ་ ༡༩༩༩ ལུ་ རྒྱལ་གཞུང་རྩྭ་ཤིང་སྣ་ཚོགས་སྐྱེད་ཚལ་འདི་ རང་བཞིན་ས་ཁོངས་མེན་མི་གི་ སྔོ་ཤིང་ཉམས་སྲུང་ས་ཁོངས་དང་ འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ དགུང་ལོ་ ༢༥ བཞེས་པའི་དུས་སྟོན་དང་འབྲེལ་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལས་རིམ་གྱི་འོག་ལུ་ གཞི་བཙུགས་འབད་ནུག། འདི་གི་ཤུལ་ལས་ སྤྱི་ལོ་ ༢༠༠༡ ལུ་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལས་རིམ་འདི་ ལས་ཁུངས་མིན་པའི་སྡེ་ཚན་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལྟེ་བ་སྦེ་བཟོ་ནུག། ལྟེ་བ་འདི་ ཉམས་སྲུང་གི་རྩོལ་སྒྲུབ། སྐྱེ་ལྡན་རིགས་སྣའི་ཉམས་སྲུང་དང་ རྒྱལ་ཁབ་ནང་ ཡུན་བརྟན་དུ་སྤྱོད་ནིའི་ལས་རིམ་ཚུ་ སྒྲིང་སྒྲིང་བཟོ་ཐབས་ལུ་ ལས་རིམ་མདོ་ཆེན་གྱིས་འགོ་ཁྲིད་འབད་ནུག།

འཆར་སྣང་།

ཕན་ནུས་ཅན་གྱི་ཉམས་སྲུང། ཡུན་བརྟན་བཀོད་སྤྱོད་དང་ སྐྱེ་ལྡན་ཐོན་སྐྱེད་ཐོབ་སྤྱོད་དང་བཀོལ་སྤྱོད་ལས་བྱུང་བའི་ཁེ་ཕན་འདི་ འདྲ་མཉམ་སྦེ་བགོ་བཤའ་རྐྱབ་ནི།

དམིགས་སྐྱེད།

སྐྱེ་ལྡན་ཐོན་སྐྱེད་ ཕན་ནུས་ཀྱིས་ཉམས་སྲུང་འབད་ཡོདཔ། ཡུན་བརྟན་དུ་སྤྱོད་ཡོདཔ་དང་ འཚོ་བའི་མཐུན་རྐྱེན་དང་ བཟའ་འཐུང་ཉེན་སྲུང་ཡར་དྲག་ དེ་ལས་ རྒྱལ་ཁབ་ཀྱི་རང་བཞིན་གནས་སྟངས་ཀྱི་བདེ་སྐྱིད་དོན་ལུ་ ཁེ་ཕན་འདི་འདྲ་མཉམ་སྦེ་བགོ་བཤའ་རྐྱབ་ནི།

རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བའི་འགན་དབང་།

  • རྒྱལ་ཁབ་ནང་ སྐྱེ་ལྡན་ཉམས་སྲུང་དང་ ཡུན་བརྟན་བཀོལ་སྤྱོད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་དང་ གཞི་བཙུགས་འབད་ནི།
  • སྐྱེ་ལྡན་རིགས་སྣ་དང་འབྲེལ་བའི་ ལུང་ཕྱོགས་དང་རྒྱལ་སྤྱིའི་ཆོད་ཡིག། ཆིངས་ཡིག་དང་འགན་འཛིན་ཚུ་གི་འོག་ལུ་ འགན་ཁུར་འགོ་འདྲེན་འཐབ་ནི་དང་ གཞི་བཙུགས་འབད་ནི།
  • སྐྱེ་ལྡན་ཐོན་སྐྱེད་ཉམས་སྲུང་འབད་ནི་དང་ ཡུན་བརྟན་དུ་སྤྱོད་ནི་ལུ་ སྲིད་བྱུས་དང་ཁྲིམས་ལྡན་འཆར་བཀོད་ཚུ་ བཟོ་ནི།
  • སོན་རྩ་དང་རྩི་ཤིང་བསྡུ་གསོག་དོན་ལུ་ རྒྱལ་ཡོངས་མཛོད་ཁང་སྦེ་ལཱ་འབད་ནི།
  • རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་སྐྱེད་ཐོབ་སྤྱོད་ ཚད་འཛིན་འབད་ནི་དང་ ཐོབ་སྤྱོད་འདི་ལས་ཐོབ་པའི་ཁེ་ཕན་འདི་ བགོ་བཤའ་འདྲ་མཉམ་སྦེ་འཐོབ་ཨིནམ་ ངེས་བརྟན་བཟོ་ནི་ལུ་ རྒྱལ་ཡོངས་ངོ་ཚབ་གཙོ་ཅན་སྦེ་ ལཱ་འབད་ནི།
  • སྐྱེ་ལྡན་འཚོལ་སྤྱོད་དང་ སྐྱེ་ལྡན་ཐོན་སྐྱེད་དང་འབྲེལ་བའི་ སྔར་སྲོལ་ཤེས་བྱ་ཡིག་ཐོག་བཀོད་ནི་ལུ་ རྒྱལ་ཡོངས་གཙོ་ཅན་ལས་སྡེ་སྦེ་ ལཱ་འབད་ནི།
  • སྐྱེ་ལྡན་བརྡ་དོན་གྱི་ རྒྱལ་ཡོངས་གནས་བསྡུ་ལྟེ་བ་སྦེ་ ལཱ་འབད་ནི།
  • འཕྲུལ་རིག་སྤོ་སོར་དང་ སྐྱེ་ལྡན་རིགས་སྣ་ནང་ འཕྲུལ་རིག་ལྕོགས་གྲུབ་དང་ མཉམ་རུབ་ཞིབ་འཚོལ་ཡར་སེང་རྐྱབ་ནི་དོན་ལུ་ ལུང་ཕྱོགས་དང་རྒྱལ་སྤྱིའི་ གཙུག་སྡེའི་མཐུན་འབྲེལ་དང་མཉམ་རུབ་ ཡར་དྲག་གཏང་ནི།

དམིགས་དོན།

དོན་སྨིན་ཅན་གྱི་སྐྱེ་ལྡན་རིགས་སྣའི་འཛིན་སྐྱོང་གི་ གྲུབ་འབྲས་འབྱུང་ནི། འཛིན་སྐྱོང་འདི་ལས་ ཁེ་ཕན་ཡར་འཕར་ནི་དང་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་དོན་ལུ་ རྒྱལ་སྤྱིའི་འབད་བརྩོན་ལུ་རྒྱུ་རྐྱེན་འབད་ནི་ལུ་ རྒྱལ་ཁབ་ནང་ སྐྱེ་ལྡན་རིགས་སྣའི་གཙུག་སྡེ་ གལ་ཆེ་ཤོས་ཅིག་ལུ་སྒྱུར་ནི།

 

Loading

Print Friendly, PDF & Email
Share