དྲུང་ཆེན་ཡིག་ཚང་གི་སྐོར།

དྲུང་ཆེན་ཡིག་ཚང་གི་སྐོར།

དྲུང་ཆེན་ཡིག་ཚང་གི་འོག་ལུ་ མི་སྟོབས་སྡེ་ཚན། བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་སྡེ་ཚན། དངུལ་རྩིས་སྡེ་ཚན་དང་ ཁྲིམས་ལྡན་སྡེ་ཚན་ཡོད།

འཆར་སྣང་།
རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེའི་དམིགས་ཡུལ་ཚུ་སྒྲུབ་ནི་ལུ་ ནུས་པ་ཅན་དང་འཇོན་ཐང་ཅན་གྱི་ཞབས་ཏོག་ ངེས་བརྟན་བཟོ་ནི།

དམིགས་སྐྱེད།

༡. རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་ལུ་ འཇོན་ཐང་ཅན་གྱི་དངུལ་འབྲེལ་འཛིན་སྐྱོང་དང་ མཁོ་སྒྲུབ་ཀྱི་ཞབས་ཏོག་བྱིན་ནི།

༢. རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་ལུ་ ཐབས་བྱུས་ཅན་གྱི་མི་སྟོབས་འཛིན་སྐྱོང་བྱིན་ནི་དང་ འཇོན་ཐང་ཅན་གྱི་བདག་སྐྱོང་གི་ཞབས་ཏོག་བྱིན་ནི་ལུ་ལྷན་ཐབས་འབད་ནི།

༣. སྤུས་ཚད་ཅན་གྱི་བསྐྱར་ཞིབ་དང་ འཇོན་ཐང་ཅན་གྱི་ཁྲིམས་ལྡན་ཞབས་ཏོག་གི་ཐོག་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེའི་ཁྲིམས་ལུགས་ སྒྲིང་སྒྲིང་བཟོ་ནི་དང་།

༤. བརྡ་དོན་ཚུ་ དུས་ཚོད་ཁར་འཐོབ་ཚུགསཔ་བཟོ་ནི་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་གིས་ ཡོངས་འབྲེལ་གྱི་བརྡ་དོན་དང་བརྒྱུད་འབྲེལ་ལམ་ལུགས་བྱིན་ནི།

འགན་དབང་།

༡. དངུལ་འབྲེལ་གྱི་ཞབས་ཏོག། མི་སྟོབས་འཛིན་སྐྱོང་། ཁྲིམས་ལྡན་ཞབས་ཏོག་དང་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་ཞབས་ཏོག་ཐོག་ལས་ ནུས་པ་ཅན་གྱི་སྤྱིར་བཏང་ཞབས་ཏོག་བྱིན་ནི་འདི་ངེས་བརྟན་བཟོ་ནི།

༢. ལས་ཁུངས་དང་ལས་སྡེ་ཁག་གིས་སྤྱོད་པའི་ཞབས་ཏོག་ཚུ་ སྟབས་བདེཝ་བཟོ་ནི།

༣. ལས་ཁུངས་དང་ལས་སྡེ་ཁག་གི་ མཁོ་སྒྲུབ་ཞབས་ཏོག་ཚུ་འཛིན་སྐྱོང་དང་རྒྱབ་སྐྱོར་འབད་ནི།

༤. རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ལས་སྣ་ཚུ་ཡར་རྒྱས་གཏང་ནི་ལུ་ པར་ཡིག་མཁོ་ཆས་ཚུ་ བཟོ་བཀོད་འབད་དེ་ དཔེ་སྐྲུན་འབད་ནི།

༥. ལས་ཚོགས་ཀྱི་གཅིག་འབྲེལ་འཆར་གཞི་ བསྟར་སྤྱོད་འབད་བཅུག་ནི།

༦. རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཁྲིམས་ལུགས་ སྒྲིང་སྒྲིང་བཟོ་ནི།

༧. བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་ཞབས་ཏོག་ ཡར་རྒྱས་གཏང་ནི།

སྡེ་ཚན་གྱི་འགན་དབང་།

དངུལ་རྩིས་སྡེ་ཚན།

༡. ལྷན་ཁག་གི་དངུལ་འབྲེལ་འཛིན་སྐྱོང་ ལཱ་བཀོད་རྐྱབ་ནི།

༢. དངུལ་རྩིས་ཚོགས་ཆུང་གི་ཞལ་འཛོམས་ཚུ་འགོ་འདྲེན་འཐབ་ནི།

༣. ལས་ཁུངས་ཁག་ལུ་ ལྷན་ཁག་གི་ལོ་བསྟར་ཐོན་སྐྱེད་བགོ་བཀྲམ་ འགོ་འདྲེན་འཐབ་ནི།

༤. ལོ་བསྟར་འཆར་དངུལ་གྲོས་འཆར་འགོ་འདྲེན་འཐབ་ནི་དང་ བསྐྱར་ཞིབ་འབད་དེ་ དངུལ་རྩིས་ལྷན་ཁག་ལུ་རྒྱབ་སྣོན་འབད་ནི།

༥. དངུལ་རྩིས་ལྷན་ཁག་གཅིག་ཁར་འབྲེལ་བ་འཐབ་ནི་དང་ ཞལ་འདེབས་མ་དངུལ་ཁ་སྐོང་འདི་ མཉམ་སྡེབ་འབད་ནི་ལུ་ སྟབས་བདེ་དྲགས་བཟོ་ནི།

༦. ལས་ཁུངས་ཁག་གིས་ མ་དངུལ་འདི་ཁྲིམས་མཐུན་དུ་ཟད་འགྲོ་གཏང་ནི་འདི་ སྟབས་བདེ་དྲགས་བཟོ་ནི།

༧. ལས་ཁུངས་ཁག་གི་འཆར་དངུལ་བསྐྱར་ཞིབ་འདི་ ཟླ་གསུམ་རེ་གི་རྒྱབ་ལས་སྦེ་མི་དང་ ལོ་གི་སྦུག་ན་འབད་མི་འདི་ འགོ་འདྲེན་འཐབ་ནི།

༨. བཟོ་སྐྲུན་གྱི་ལཱ་དང་ མ་དངུལ་དགོས་མཁོ་དབྱེ་ཞིབ་ཀྱི་ཡར་རྒྱས་འདི་ བདེན་དཔྱད་འབད་ནིའི་དོན་ལུ་ ས་ཁོངས་ལྟ་སྐོར་འགོ་འདྲེན་འཐབ་ནི།

༩. ལས་ཁུངས་ཁག་ལུ་ མཁོ་སྒྲུབ་དང་རིན་བསྡུར་ཞབས་ཏོག་ཚུ་བྱིན་ནི།

༡༠. ལས་ཁུངས་ཁག་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་གཅིག་ཁར་ རྩིས་ཞིབ་ཀྱི་གནད་དོན་ ཐག་མ་ཆོད་པར་ཡོད་མི་ཚུ་ འཕྲོ་མཐུད་འབད་ནི།

༡༡.  ལས་ཁུངས་ཁག་ལུ་ འཆར་དངུལ་དང་རྩིས་ཀྱི་ཞབས་ཏོག་ཚུ་བྱིན་ནི།

ཁྲིམས་ལྡན་སྡེ་ཚན།

༡. ལས་ཁུངས་ཁག་དང་ ལས་སྡེ་ དེ་ལས་ དྲུང་ཆེན་དང་བློན་པོ་གིས་འདྲི་གཏུག་འབད་ཡོད་པའི་ ཁྲིམས་ལུགས་ཀྱི་གནད་དོན་དང་ གཞན་མི་གནད་དོན་ཚུ་ལུ་ ཁྲིམས་ལྡན་གྱི་བཀའ་སློབ་དང་ བསམ་འཆར་བྱིན་ནི།

༢. དཔྱད་ཡིག/བཅའ་ཡིག/ལམ་སྟོན/ལག་དེབ/བཀོད་ཁྲམ་ ཡང་ན་ ཁྲིམས་ལུགས་ག་ཅི་འབད་རུང་ ཟིན་བྲིས་བཏབ་ནི།

༣. གོ་བརྡའི་ཆིངས་ཡིག/གན་ཡིག/བློ་འདོད་ཡི་གུ་ཚུ་ ཟིན་བྲིས་བཏབ་ནི་ ཡང་ན་ བསྐྱར་ཞིབ་འབད་ནི།

༤. མི་སྟོབས་ཚོགས་ཆུང/དྲུང་ཆེན/མདོ་ཆེན་གྱི་འདྲི་གཏུག་འབད་ཡོད་པའི་ སྒྲིག་ཁྲིམས་ཀྱི་གནད་དོན་ག་ཅི་འབད་རུང་ བསྐྱར་ཞིབ་འབད་ནི།

༥. ལྷན་ཁག་གི་ཞི་རྩོད་ཚུ་ ཁྲིམས་གཏུག་འབད་ནི།

༦. ལྷན་ཁག/ལས་ཁུངས/ལས་སྡེ་ཁག་གི་ ནང་འགྲིག་འབད་ནི།

༧. དྲུང་ཆེན/མདོ་ཆེན་གྱི་བཀོད་རྒྱ་ཐོག་ལུ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ དེ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གིས་འདྲི་གཏུག་འབད་ཡོད་པའི་ གནད་དོན་ཚུ་ཞིབ་དཔྱད་འབད་ནི།

༨. མི་སྟོབས་ཚོགས་ཆུང་དང་རང་བཞིན་སླར་འབྱུང་ཐོན་སྐྱེད – རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཚོགས་ཆུང་གི་ འཐུས་མི་སྦེ་ཕྱག་ཞུ་ནི།

༩. ཁྲིམས་ལུགས་ཀྱི་བྱ་རིམ་ཚུ་ གཞི་བཙུགས་འབད་ནི་དང་ དབང་འཛིན་འབད་ནི་ལུ་ སྦྱོང་བརྡར་ཚུ་ འགོ་བཙུགས་ནི་དང་ འགོ་འདྲེན་འཐབ་ནི།

༡༠. ཕོ་མོའི་དབྱེ་བ་གི་ལས་སྣ་ཚུ་ གཙོ་བོ་བཟོ་ནི་དང་ ལས་སྣ་ཚུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ འགོ་འདྲེན་འཐབ་ནི།

༡༡. ཁྲིམས་ལུགས་ག་ཅི་འབད་རུང་ འདི་གིས་དོན་ལུ་ ཁེ་རྒྱུད་ཡོད་མི་གྲོས་སྟོན་འབད་ནིའི་དོན་ལུ་ འབྲེལ་ཡོད་ལས་ཁུངས་ཚུ་དང་འགོ་འདྲེན་འཐབ་ནི།

༡༢. ལོ་ཐོག་རྒུད་འཐུས་དང་ གནད་སྐྱོན་གྱི་སྙན་ཞུ་བསྡུ་སྒྲིག་འབད་ནི།

མི་སྟོབས་སྡེ་ཚན།

༡. གསར་བཙུགས། འདུད་ཚོགས་གོང་འཕེལ། ཁྱད་རིག་གོང་འཕེལ། བྱ་སྒོད་དང་ འདུས་ཚོགས་ཀྱི་འཆར་གཞི་དང་བསྟུན་ འཛིན་སྐྱོང་བསྒྱུར་བཅོས་འབད་ནི་གི་ས་ཁོངས་ནང་ མི་སྟོབས་ཀྱི་ཐབས་ཤེས་ཚུ་ལག་ལེན་འཐབ་ནི།

༢. འོས་ལྡན་གྱི་མི་སྟོབས་རྒྱབ་སྣོན་འབད་ནི་དང་ ལཱ་གཡོག་གི་སྲིད་བྱུས་ དམིགས་བསལ་དུ་ རྩིས་ལོ་དང་དངུལ་འབྲེལ་གྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྲིད་བྱུས། ལས་སྡེ་གོང་འཕེལ་འཆར་གཞི། ཤེས་རིག་སྲིད་བྱུས། དངུལ་ཕོགས/གླ་ཆ་དང་ སྤྲོ་འཐུས་ཀྱི་སྲིད་བྱུས་དང་ འཕྲུལ་རིག་གི་སྲིད་བྱུས་ཚུ་ རྒྱབ་སྣོན་འབད་ནི།

༣. ལས་ཚོགས་ལུ་དགོ་པའི་ མི་སྟོབས་ལྕོགས་གྲུབ་འདི་ གསལ་བཀོད་འབད་ཡོད་པའི་དུས་ཡུན་ནང་འཁོད་ལུ་ བརྟག་ཞིབ་འབད་ནི་དང་ འོག་ལུ་བཀོད་མི་གུ་ འོས་འབབ་ཅན་གྱི་ལས་རིམ་དང་སྲིད་བྱུས་ཚུ་ རྒྱབ་སྣོན་འབད་དགོ།

༡. མི་སྟོབས་འཆར་གཞི་བཟོ་བཀོད། རིམ་ལུགས་དང་བྱ་རིམ།

༢. གཡོག་གི་དབྱེ་དཔྱད། གདམ་འཐུའི་བྱ་རིམ། བསྐོ་བཞག་གི་སྲིད་བྱུས། བྱ་རིམ་དང་ཚེ་གཡོག་འཆར་གཞི།

༣. སྦྱོང་བརྡར་དང་གོང་འཕེལ་ལས་རིམ།

༤. གཡོག་གནས་དང་ལས་གཡོགཔ་གི་སྟོབས་ཤུགས་བཟོ་ནི།

 

༤. ལས་གཡོགཔ་ཕན་བདེ་གི་བརྡ་དོན་ཚུ་ དུས་མཐུན་དུ་རྒྱུན་སྐྱོང་འབད་ནི་དང་ མི་སྟོབས་གོང་འཕེལ་དང་ལཱ་གཡོག་ནང་ ཐོན་སྐྱེད་འཆར་གཞི་དང་གྲོས་ཆོད་བཟོ་ནི་ལུ་ བརྡ་དོན་ཚུ་བྱིན་ནི།

༥. ལཱ་གཡོག་དང་ སྔ་གོང་ལཱ་གཡོག་སྦྱོང་བརྡར་གྱི་དོན་ལུ་ མི་ངོ་གསར་བཙུགས་དང་གདམ་འཐུ་ འགོ་འདྲེན་འཐབ་ནི།

༦. ད་ལྟོ་ཡོད་པའི་ལས་གཡོགཔ་གི་ ལཱའི་གྲུབ་འབྲས་དང་ནུས་ཤུགས་ ལྟ་རྟོག་འབད་ནི་དང་ རྒྱུན་མ་ཆད་པར་ཡར་རྒྱས་གཏང་ནིའི་དོན་ལུ་ ལས་སྣ་ཚུ་འགོ་བཙུགས་ནི།

༧. ལས་གཡོགསཔ་གི་མཐུན་འབྲེལ་འཛིན་སྐྱོང་། མི་དང་མི་ དེ་མ་ཚད་ འཛིན་སྐྱོང་གི་གོ་གནས་ཀྱི་རིམ་པ་ནང་ གོང་མ་དང་འོག་མ་ག་རའི་ནང་ འཛིན་སྐྱོང་ཡར་རྒྱས་གཏང་ནི།

༨. འཛིན་སྐྱོང་ཚོགས་སྡེ་ལུ་ མི་སྟོབས་དང་འབྲེལ་བའི་གནད་དོན་ག་རའི་ནང་བསླབ་བྱ་བྱིན་ནི།

༩. བསླབ་སྟོན་བྱིན་ནི་དང་ སྙན་ཞུ་ཚུ་ མི་སྟོབས་སྡེ་ཚན་གྱི་ནང་འཁོད་ ཐད་ཀར་དབྱེ་ཞིབ་འབད་ནི།

བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སྡེ་ཚན།

གཡུས་ཁའི་གནས་ཚད་ཀྱི་ལས་སྣ་ཚུ་ རྒྱབ་སྐྱོར་འབད་ཐབས་ལུ་ བརྡ་དོན་འདི་དགོཔ་ཡོདཔ་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ སྤྱི་ལོ་ ༡༩༩༢ ལུ་ བརྡ་དོན་དང་དཔེ་སྐྲུན་སྡེ་ཕྲན་འདི་ གཞི་བཙུགས་འབད་ནུག། སྡེ་ཕྲན་འདི་གི་ལཱ་འགན་འདི་ བརྡ་དོན་མཁོ་ཆས་བཟོ་ནི་དང་ སོ་ནམ་གྱི་གསར་དེབ་(ད་ལྟོ་ རང་བཞིན་སླར་འབྱུག་ཐོན་སྐྱེད་ཀྱི་གསར་དེབ) དཔེ་སྐྲུན་འབད་དེ་ རྒྱ་སྐྱེད་རྒྱབ་སྐྱོར་འབད་ནི་དང་ སོ་ནམ་པ་ཚུ་སྦྱོང་བརྡར་བྱིན་ནི་འདི་ཨིན་མས། སྤྱི་ལོ་ ༡༩༩༣ ལུ་ སྡེ་ཕྲན་འདི་ སོ་ནམ་པའི་རྒྱ་སྐྱེད་བརྒྱུད་འབྲེལ་རྒྱབ་སྐྱོར་སྡེ་ཕྲན་དང་ སྤྱི་ལོ་ ༢༠༠༠ ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ བརྡ་དོན་དང་བརྒྱུད་འབྲེལ་ཞབས་ཏོག་སྦེ་བཟོ་ནུག། ད་ལྟོ་འདི་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སྡེ་ཚན་སྦེ་བཟོ་ཡོདཔ་ཨིན།

བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སྡེ་ཚན་གྱི་འགན་དབང་ཡང་།

༡. ནུས་ཅན་དང་ འཇོན་དྲགས་ཅན་གྱི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ཞབས་ཏོག་དང་ བརྒྱུད་འབྲེལ་དང་བརྡ་བརྒྱུད་ཞབས་ཏོག་བྱིན་ནི།

༢. རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་རིམ་ལུགས་དང་ལག་ལེན་ཚུ་ འཆར་གཞི་བརྩམ་ནི། བཟོ་བཀོད་འབད་ནི། འགོ་འདྲེན་འཐབ་ནི་དང་ གསར་བཟོ་འབད་ནི།

༣. རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གྱི་གཞི་རྟེན་མཁོ་ཆས་ འཆར་གཞི་བརྩམ་ནི། བཟོ་བཀོད་འབད་ནི། འགོ་འདྲེན་འཐབ་ནི་དང་ གསར་བཟོ་འབད་ནི།

༤. ལྷན་ཁག་གི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་བརྡ་དོན་འཆར་སྒོ་སྦེ་ ལཱ་འབད་ནི།

༥. རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ལས་རིམ་དང་ལས་སྣ་ཚུ་ ཡར་རྒྱས་གཏང་ནི་ལུ་ བརྡ་དོན། ཤེས་རིག་དང་བརྒྱུད་འབྲེལ་མཁོ་ཆས་ཚུ་ བཟོ་བཀོད་འབད་ནི། གསར་བཟོ་འབད་ནི་དང་ དཔེ་སྐྲུན་འབད་ནི།

༦. རང་བཞིན་སླར་འབྱུང་ཐོན་སྐྱེད་དང་འབྲེལ་བའི་བརྡ་དོན་ བཀྲམ་སྤེལ་གྱི་དོན་ལུ་ ཕྱིའི་བརྡ་བརྒྱུད་ལས་སྡེ་ཚུ་དང་ འབྲེལ་བ་འཐབ་ནི།

༧. རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ལས་རིམ་སྐབས་སུ་ གནས་ཚུལ་(གནས་ཚུལ/པར/བརྙན་སྟོན) སྙན་ཞུ་འབད་ནི།

༨. རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ལས་སྣ་ཚུ་ གོ་བརྡ་སྤྲོད་ནི་ལུ་ མཐོང་ཐོས་ཀྱི་ལས་རིམ་ཚུ་གསར་བཟོ་འབད་ནི།

ནང་འཁོད་རྩིས་ཞིབ་ཞབས་ཏོག།

ནང་འཁོད་རྩིས་ཞིབ་ཞབས་ཏོག་འདི་ གཞུང་གི་ལས་སྤྱོད་ཀྱི་གཞུང་སྐྱོང་ལེགས་ལྡན། དྭངས་གསལ། འགན་འཁྲི། འཇོན་ཐང་དང་ནུས་ཐོན་ཡར་དྲག་གཏང་ནི་དང་ འཆར་དངུལ་བགོ་སྐལ་འཛིན་སྐྱོང་འཐབ་མི་ གཞུང་གི་ངོ་བོའི་ནང་འཁོད་འཆར་བཀོད་ཡར་དྲག་གཏང་ནི་ལུ་ འབྲུག་གཞུང་གིས་གཞི་བཙུགས་མཛད་ནུག།

ནང་འཁོད་རྩིས་ཞིབ་ཞབས་ཏོག་འདི་ ལྷན་ཁག། རྫོང་ཁག་དང་ཁྲོམ་སྡེ་བཞི་ ག་རའི་ནང་ལུ་གཞི་བཙུགས་འབད་དེ་ཡོདཔ་ཨིན། དངུལ་རྩིས་ལྷན་ཁག་གིས་ འབྲུག་གི་མི་དམངས་དངུལ་རྩིས་བཅའ་ཁྲིམས་ ༢༠༠༧ ཅན་མའི་དོན་ཚན་ ༢༣༼བ༽ དང་བསྟུན་ ནང་འཁོད་རྩིས་ཞིབ་ཞབས་ཏོག་འདི་ བདག་སྐྱོང་འཐབ་ཨིནམ་དང་ ལམ་སྟོན་ཚུ་བྱིནམ་ཨིན། བཅའ་ཁྲིམས་ནང་གི་འགན་དབང་དང་འཁྲིལ་ ནང་འཁོད་རྩིས་ཞིབ་བཀའ་ཁྲིམས་འདི་ སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༡༢ པའི་ཚེས་ ༤ ལུ་ འགོ་བཙུགས་ནུག། བཀའ་ཁྲིམས་ཀྱིས་ ནང་འཁོད་རྩིས་ཞིབ་ཞབས་ཏོག་འདི་ དོན་སྨིན་ཅན་སྦེ་ལཱ་འབད་ནིའི་དོན་ལུ་ བཀོད་ཚོགས་ཀྱི་འཆར་བཀོད་བྱིན་ཨིནམ་དང་ སྲིད་བྱུས་ གནས་ཚད་དང་ འགན་ཁག་ཚུ་སྤྲོདཔ་ཨིན།

ནང་འཁོད་རྩིས་ཞིབ་ཞབས་ཏོག་ཚུ་ ཁྱད་རིག་དང་ལྡནམ་སྦེ་སྤྲོད་ནི་ལུ་ དངུལ་རྩིས་ལྷན་ཁག་གིས་ རྒྱལ་སྤྱིའི་ཁྱད་རིག་ལུགས་སྲོལ་འཆར་བཀོད་ ཆ་འཇོག་འབད་ནུག། ནང་འཁོད་རྩིས་ཞིབ་གཙུག་སྡེ་འདི་ འབྲུག་གཞུང་གི་དགོས་མཁོ་དང་བསྟུན་བསྒྱུར་བཅོས་འབད་ཡོདཔ་དང་ ནང་འཁོད་རྩིས་ཞིབ་ཀྱི་གནས་ཚད་བཟོ་ནུག།

ནང་འཁོད་རྩིས་ཞིབ་ཀྱི་ངེས་ཚིག།

ཡུ་ཨེས་ཨེ་ལུ་ཡོད་པའི་ ནང་འཁོད་རྩིས་ཞིབ་གཙུག་སྡེ་གིས་ ནང་འཁོད་རྩིས་ཞིབ་འདི་ འོག་ལུ་བཀོད་མི་བཟུམ་ ངེས་ཚིག་འགྲེལ་ནུག།

ནང་འཁོད་རྩིས་ཞིབ་འདི་ ལས་ཚོགས་ཀྱི་ཕན་ཁུངས་ཁ་སྐོང་བཀལ་ནི་དང་ ལས་སྤྱོད་ཡར་དྲག་བཟོ་ནིའི་ རང་དབང་ཅན། དམིགས་དོན་ཁས་ལེན་དང་ འདྲི་བསྟུན་ལས་སྣ་ཨིན། འདི་གིས་ ལས་ཚོགས་ལུ་ ལུགས་མཐུན་དང་སྒྲིག་བཙུགས་ཀྱི་ཐབས་ལམ་གྱི་ཐོག་ལས་ དམིགས་དོན་འགྲུབ་ནི་ལུ་གྲོགས་རམ་འབདཝ་ཨིན།

འབྲུག་གཞུང་གིས་ནང་འཁོད་རྩིས་ཞིབ་ཀྱི་དགོས་དོན་ འོག་ལུ་བཀོད་མི་ལྟར་ ངེས་ཚིག་འགྲེལ་ནུག།

ནང་འཁོད་རྩིས་ཞིབ་སྡེ་ཕྲན་གྱིས་ ལུགས་མཐུན་དང་སྒྲིག་བཙུགས་ཀྱི་ཐབས་ལམ་ལག་ལེན་འཐབ་སྟེ་ ལྷན་ཁག་ རྫོང་ཁག་དང་འཆར་དངུལ་གྱི་འདུས་ཚོགས་གཞན་གྱི་འཛིན་སྐྱོང་སྤྱི་ཁྱབ་ཚུ་ལུ་ འོག་གི་ཚུ་སྤྲོད་དེ་ རྩིས་ཞིབ་དང་བསྐྱར་ཞིབ་འབདཝ་ཨིན།

  • རང་སོའི་འདུས་ཚོགས་ཀྱི་གཞུང་སྐྱོང་ ཉེན་ཁ་འཛིན་སྐྱོང་ བཀག་འཛིན་དང་ འགན་འཁྲིའི་བྱ་རིམ་ཚུ་གི་འཇོན་ཐང་དང་ནུས་ཐོན་ལུ་ རང་དབང་དང་ དམིགས་དོན་ཁས་ལེན།
  • ངོ་བོའི་ལས་སྤྱོད། ལས་ཚོགས་ཀྱི་དམིགས་དོན་འགྲུབ་ནི་དང་ ཐོན་ཁུངས་འོས་ལྡན་ལྟ་རྟོག་གི་ འཇོན་ཐང་དང་ནུས་ཐོན་ཡར་རྒྱས་གཏང་ནི་ལུ་ གྲོས་འཆར་དང་རྒྱབ་སྣོན།

ནང་འཁོད་རྩིས་ཞིབ་སྡེ་ཕྲན་གྱི་སྒྲིག་བཀོད།

ནང་འཁོད་རྩིས་ཞིབ་སྡེ་ཕྲན་འདི་ ནང་འཁོད་རྩིས་ཞིབ་བཀའ་ཁྲིམས། ནང་འཁོད་རྩིས་ཞིབ་ཀུན་སྤྱོད་སྒྲིག་ལུགས་དང་གནས་ཚད་ དེ་ལས་ དངུལ་རྩིས་ལྷན་ཁག་གིས་བྱིན་མི་ གཞན་ལམ་སྟོན་ཚུ་དང་འཁྲིལ་ཏེ་ ནང་འཁོད་རྩིས་ཞིབ་ཞབས་ཏོག་སྤྲོད་ནི་ལུ་འགན་ཁུར་ཕོགཔ་ཨིན། ནང་འཁོད་རྩིས་ཞིབ་པ་ཚུ་གིས་ ནང་འཁོད་རྩིས་ཞིབ་སྡེ་ཕྲན་གཞི་བཙུགས་འབད་དེ་ཡོད་པའི་ ངོ་བོ༼དྲུང་ཆེན༽ ལུ་ ཕྲངམ་ཕྲང་སར་སྙན་ཞུ་འབདཝ་ཨིན།

འགན་དབང་།

ནང་འཁོད་རྩིས་ཞིབ་ཀྱིས་ ལས་སྡེའི་ལས་སྤྱོད་ག་ར་ཁྱབ་ཚུགསཔ་སྦེ་ ཞབས་ཏོག་སྤྲོད་དགོཔ་དང་ ལས་སྡེའི་ཉེན་ཁ་འཛིན་སྐྱོང་། བཀག་འཛིན་དང་ གཞུང་སྐྱོང་བྱ་རིམ་ཚུ་ དགོས་མཁོ་དང་མཐུནམ་སྦེ་ཡོདཔ་དང་ ལཱ་འགན་འབག་དོ་ཨིནམ་ངེས་བརྟན་བཟོ་དགོ།

ཀ༽ འཆར་གཞི་ ལས་རིམ་དང་ལས་སྣ་ཚུ་ ལས་ཚོགས་ཀྱི་འཆར་སྣང་ དམིགས་སྐྱེད་དང་ དམིགས་དོན་ཚུ་དང་བསྟུན་ཏེ་ཡོད་པ།

ཁ༽ འབྱུང་སྲིད་པའི་གཡོ་སྒྱུ་བརྩིས་ཏེ་ ཉེན་ཁ་གལ་ཅན་ཚུ་ དོན་སྨིན་ཅན་སྦེ་ངོས་འཛིན་འབད་ཡོདཔ་དང་ འཛིན་སྐྱོང་འཐབ་ཡོདཔ།

ག༽ གྲོས་ཆོད་བཟོ་ནིའི་བྱི་རིམ་ཚུ་ གསལ་ཏོག་ཏོ་ དྭངས་གསལ་ཅན་ འགན་འཁྲི་ཡོདཔ་ ངོས་ལེན་ཡོདཔ་ འདྲ་མཉམ་ཡོདཔ་དང་ གྲལ་གཏོགས་ཡོད་པ།

ང༽ ནང་འཁོད་བཀག་འཛིན་གྱི་ཐབས་ལམ་འོས་ལྡན་ཚུ་ ཐོན་སྐྱེད་ཚུ་ དཔལ་འབྱོར་དང་ལྡནམ་སྦེ་ཐོབ་ནི་ འཇོན་དྲག་སྦེ་ལག་ལེན་འཐབ་ནི་དང་ འོས་ལྡན་སྦེ་བསྲུང་ནི་ལུ་ ལཱ་འགན་ཚུ་དགོས་མཁོ་དང་མཐུནམ་སྦེ་བཙུགས་ཡོད་པ།

ཅ༽ འབྲེལ་ཡོད་ཁྲིམས་ལུགས་ བཅའ་ཁྲིམས་ གྲོས་མཐུན་དང་གནས་ཚད་ཚུ་ འཆར་གཞི་ ལས་རིམ་དང་ལས་སྣ་ཚུ་གཞི་བཙུགས་འབདཝ་དང་འཁྲིལ་བ།

ཆ༽ ལས་གཡོགཔ་གི་བྱེད་ལས་ཚུ་ སྲིད་བྱུས་ གནས་ཚད་ བྱ་རིམ་དང་ འཇུག་རུང་བའི་བཅའ་ཡིག་དང་སྒྲིག་གཞི་ཚུ་དང་འཁྲིལ་བ།

ཇ༽ རྩིས་ལས་ འཛིན་སྐྱོང་དང་ ལས་སྤྱོད་བརྡ་དོན་འདི་ ངེས་བདེན་ ཁུངས་ལྡན་དང་ དུས་མཐུན་ཡོད་པ།

ཉ༽ ལས་ཚོགས་བཀག་འཛིན་བྱ་རིམ་ནང་ སྤུས་ཚད་དང་ཡར་དྲག་མཐའ་སྐྱོང་འབད་ཡོད་པ།

ཏ༽ ལས་ཚོགས་ལུ་ཕན་གནོད་ཡོད་མི་ ཁྲིམས་བཟོ་ ཡང་ན་ ཚད་འཛིན་གྱི་གནད་དོན་ཚུ་ ངོས་འཛིན་འབད་དེ་ ཚུལ་དང་མཐུནམ་སྦེ་བསལ་ཡོད་པ།

Loading

Print Friendly, PDF & Email
Share