དམིགས་དོན

སྲིད་བྱུས་ཀྱི་དམིགས་དོན།

འཆར་སྣང་ ༢༠༢༠; ལོ་སྟོང་གི་གོང་འཕེལ་དམིགས་ཡུལ་ནང་བཀོད་ཡོད་པའི་ དབུལ་ཕོངས་མར་ཕབ་རྐྱབ་ནི་དང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གི་ཚོང་འབྲེལ་དང་གོ་སྐབས་ དེ་ལས་ཐོན་སྐྱེད་ཚུ་ཡར་དྲག་བཟོ་ནིའི་ཐབས་ཤེས་རྒྱུད་བསྐུལ་གྱི་འཆར་དོན་ཚུ་གྱིས་ ལོ་ལྔའི་འཆར་གཞི་ ༡༠ པ་བཟོ་ནི་འདི་ལམ་སྟོན་འབད་ཡོདཔ་ཨིན། དབུལ་ཕོངས་ཀྱི་གནས་སྟངས་ནང་སྡོད་མི་ མི་མང་ཤོས་ར་གྲོང་གསེབ་ནང་ཨིནམ་ལས་ དབུལ་ཕོངས་མར་ཕབ་རྐྱབ་ནིའི་ལཱ་དང་འགན་ཁུར་འདི་ དམིགས་བསལ་དུ་སོ་ནམ་དང་སྒོ་ནོར་ལྷན་ཁག་ལུ་ཕོག་ཡོད། དབུལ་ཕོངས་མར་ཕབ་རྐྱབ་ནི་ལུ་ དམིགས་བསལ་གྱི་འཆར་གཞི་མེད་དེ་འབད་རུང་ ལས་སྡེ་གིས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་བཟའ་འཐུང་ཉེན་སྲུང་འཆར་གཞི་དང་ བཟའ་འཐུང་ཉེན་སྲུང་གི་ཉེན་ཅན་སབ་ཁྲ་ཡང་བཟོ་ཡོདཔ་ཨིན། སབ་ཁྲ་འདི་གིས་ འཆར་གཞི་ངོས་འཛིན་འབད་ནི་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་གིས་ དབུལ་ཕོངས་མར་ཕབ་ནིའི་ལས་རིམ་ཚུ་ ཁྱབ་ཡོདཔ་མེདཔ་བལྟ་ནི་ལུ་ལམ་སྟོན་འབད་ནི་ཨིན།

ལས་སྡེ་གི་དམིགས་དོན།

  • གྲོང་གསེབ་ཀྱི་ཡུན་བརྟན་འཚོ་བའི་གནས་སྟངས་ཡར་སེང་རྐྱབ་ནི།

མི་རློབས་བརྒྱ་ཆ་ ༦༩ འདི་ གྲོང་གསེབ་ཀྱི་ས་གནས་ཚུ་ནང་ རང་བཞིན་གྱི་ཐོན་སྐྱེད་ལུ་བརྟེན་ དཔལ་འབྱོར་གྱི་ལས་སྣ་ཚུ་འབད་སྡོད་མི་ཨིནམ་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་གི་ གོང་འཕེལ་གྱི་དམིགས་དོན་ཁག་ཆེ་ཤོས་ཅིག་འདི་ གྲོང་གསེབ་ཀྱི་འཚོ་བའི་གནས་སྟངས་ཡར་སེང་རྐྱབ་ནི་འདི་ཨིན། གྲོང་གསེབ་ཀྱི་འཚོ་བའི་གནས་སྟངས་འདི་ཐོན་སྐྱེད་ཅན་དང་ ཡུན་བརྟན་བཟོ་ནི་འདི་ དམིགས་དོན་འདི་གི་ཆ་ཤས་གཙོ་བོ་ཨིན།

འཆར་སྣང་།

ནགས་ཚལ་དང་ སྒོ་ནོར་ དེ་ལས་སོ་ནམ་ཚོང་ལས་ཚུ་ ཕན་ཚུན་བརྟེན་དགོ་པའི་སོ་ནམ་གྱི་ལཱ་གིས་ འབྲུག་རྒྱལ་ཁབ་ཀྱི་གྲོང་གསེབ་འཚོ་བའི་གནས་སྟངས་འདི་ལུ་ རྒྱབ་སྐྱོར་འབདཝ་ཨིན། དེ་འབདཝ་ལས་ གྲོང་གསེབ་ཀྱི་འཚོ་བའི་གནས་སྟངས་འདི་ ཡར་སེང་རྐྱབ་ནི་ལུ་ ཚོང་ལས་ཚུ་ལས་འོང་འབབ་ཡར་དྲག་བཟོ་དགོཔ་ཨིན། སོ་ནམ་ཚོང་ལས་ཀྱི་འོང་འབབ་འདི་ རིག་ལྡན་གོང་འཕེལ་དང་ ནགས་ཚལ་ལོངས་སྤྱོད་དང་འཛིན་སྐྱོང་ སོ་ནམ་དང་སྒོ་ནོར་ཐོན་སྐྱེད་ཚུ་གིས་ཐོག་ལས་ཡར་དྲག་བཟོ་ནི་ཨིན། ཐོན་ཤུགས་ཡར་སེང་རྐྱབ་ནིའི་འཕྲུལ་རིག་ལག་ལེན་དང་ ཞིང་ལཱ་ཚུ་འཕྲུལ་རིག་ཐོག་ལས་འབད་ནི་ ལོ་ཐོག་བསྡུ་གསོག་གི་བརླག་སྟོར་མར་ཕབ་རྐྱབ་ནི་ གནོད་འབུཔ་དང་ནད་གཞི་ལས་བརྟེན་པའི་བརླག་སྟོར་མར་ཕབ་རྐྱབ་ནི་ དེ་ལས་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ལག་ལེན་ ཁག་ཆེ་བའི་གཞི་རྟེན་མཁོ་ཆས་དང་ ཐོན་ཤུགས་ཀྱི་རྒྱུ་སྒྲུབ་ཡར་དྲག་བཟོ་ཐོག་ལས་ ཐོན་སྐྱེད་ཚུ་གི་ཐོན་ཤུགས་འདི་ཡར་སེང་རྐྱབ་ནི་ཨིན། ཞིང་ལཱ་ཚོང་སྒྱུར་འབད་ནི་དང་ ཞིང་ལཱའི་ཚོང་ལས་འདི་མཐུད་འབྲེལ་ཡར་སེང་གི་ཐོག་ལས་ ཚོང་འབྲེལ་ལུ་འབྲེལ་མཐུན་བཟོ་ནི་ སོ་ནམ་ཐོན་དངོས་ཡར་དྲག་བཟོ་ནི་ ཐོན་དངོས་མཆོག་གྱུར་བཟོ་ནི་ ཐོན་དངོས་ཀྱི་ཚོང་འབྲེལ་ཡར་དྲག་བཟོ་ནི་ ཞིང་ལཱའི་ཚོང་ལས་ཁྱད་རིག་གི་ཐོག་ལས་འཛིན་སྐྱོང་འབད་ནི་ དེ་ལས་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ལག་ལེན་ཞཐབ་ཐོག་ལས་ ཚོང་ལས་ཚུ་ཚོང་འབྲེལ་ལུ་ཡར་དྲག་བཟོ་ནི་ཚུ་ གྲོང་གསེབ་ཀྱི་ཡུན་བརྟན་འཚོ་བའི་གནས་སྟངས་འདི་ ཡར་སེང་རྐྱབ་ནི་ལུ་ གཞི་རྩ་གལ་ཆེ་ཤོས་ཅིག་ཨིན། ཡར་དྲག་ཅན་དང་ཚོང་ལཱ་ལུ་ལྕོགས་གྲུབ་ཡོད་མི་སོ་ནམ་པ་ཚུ་ལུ་ ལག་རྩལ་སྦྱོང་བརྡར་བྱིན་ཏེ་ ཞིང་ལཱའི་ཚོང་ལས་ཁྱད་རིག་གི་ཐོག་ལས་འཛིན་སྐྱོང་འབད་ནི་འདི་ཡར་སེང་རྒྱབ་ནི་ཨིན། ལག་རྩལ་སྦྱོང་བརྡར་གྱི་ཐོག་ལས་ ཚོང་སྒྱུར་གྱི་ཞིང་ལཱ་དང་འབྲེལ་བའི་ ལྕོགས་གྲུབ་ག་ཅི་རང་དགོ་ནི་ཨིན་ན་ཚུ་ཤེས་ཚུགསཔ་ཨིན།

གྲོང་གསེབ་ཀྱི་བཟོ་གྲྭ་ཆུང་རིགས་ཚུ་གི་ ཐོན་ཁུངས་བཟོ་ནི་ཚུ་གོང་འཕེལ་གཏང་ནི་ལུ་ཕད་གྲོགས་འབད་ཐབས་ལུ་ ཞིང་ལཱ་ཚོང་སྒྱུར་དང་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་སྣ་ཚོགས་སྦེ་ལོངས་སྤྱོད་ནི་འདི་ རྒྱ་སྐྱེད་གཏང་ནི་ཨིན། དེ་གིས་སྦེ་ གཡོག་གི་གོ་སྐབས་དང་ འཚོ་བའི་གནས་སྟངས་འདི་ཡར་དྲག་བཟོ་ཚུགས། འ་ནཱི་དམིགས་དོན་ཚུ་གིས་ བཟའ་འཐུང་ཐོན་ཤུགས་ཡར་སེང་རྐྱབ་ནི་དང་ གྲོང་གསེབ་མི་རློབས་ལུ་དངུལ་གྱི་འོང་འབབ་བཟོ་ནི་ལུ་ཕན་ཐོགས་ཏེ་ དབུལ་ཕོངས་མར་ཕབ་རྐྱབ་ཚུགས།

  • སོ་ནམ་ས་གཞི་དང་རྩྭ་འབྲོག་ཐོན་སྐྱེད་ཚུ་ཡུན་བརྟན་དུ་རྒྱུན་སྐྱོང་འབད་ནི།

སོ་ནམ་ས་གཞི་དང་རྩྭ་འབྲོག་ཐོན་སྐྱེད་ཚུ་ ཡུན་བརྟན་དུ་རྒྱུན་སྐྱོང་འབད་ནི་འདི་ དབུལ་ཕོངས་མར་ཕར་རྐྱབ་ནི་དང་ གྲོང་གསེབ་ཀྱི་འཚོ་བའི་མཐུན་རྐྱེན་ཡར་སེང་རྐྱབ་ནི་ལུ་ཁག་ཆེཝ་ཨིན། དེ་ཡང་ དབུལ་ཕོངས་ཀྱི་རྨང་གཞི་གཙོ་བོ་ བཟའ་འཐུང་ཉེན་སྲུང་དང་འོང་འབབ་བཟོ་ནི་གཉིསཔ་འདི་ སོ་ནམ་དང་སྒོ་ནོར་ཚོང་ལས་ལུ་བརྟོན་དགོ་ནི་འདི་གིས་ཨིན། རྩྭ་འབྲོག་འདི་ སྒོ་ནོར་གོང་འཕེལ་གྱི་དོན་ལུ་གཞི་རྟེན་ཨིན་དོ་བཟུམ་སྦེ་ སོ་ནམ་ས་གཞི་འདི་ཡང་ སོ་ནམ་གོང་འཕེལ་གྱི་དོན་ལུ་གཞི་རྟེན་གྱི་ཐོན་སྐྱེད་ཨིན། དེ་འབདཝ་ལས་ སོ་ནམ་ས་གཞི་དང་རྩྭ་འབྲོག་གཉིས་ ཡུན་བརྟན་དུ་འཛིན་སྐྱོང་འབད་ནི་ལུ་ འཆར་གཞི་ ༡༠ པའི་ནང་ གལ་གནད་མངམ་འཐོབ་ནི་ཨིན། འབྲུག་པའི་སོ་ནམ་དཔལ་འབྱོར་འདི་ སོ་ནམ་དང་ནགས་ཚལ་ སྒོ་ནོར་དང་སོ་ནམ་ དེ་ལས་ནགས་ཚལ་དང་སྒོ་ནོར་གྱི་བར་ན་ ལཱ་འགན་ཚུ་ཕན་ཚུན་བརྟེན་པ་སྦེ་འབྱུང་བའི་རང་གཤིས་ཡོདཔ་ཨིན། འཚོ་བཅུད་ཁ་སྐོང་རྐྱབ་ནི་དང་ སོ་ནམ་ས་གཞི་གི་བཟོ་བཀོད་ལེགས་བཅོས་འབད་ནི་འདི་ སྦྱོར་ལུད་དང་སྒོ་ནོར་གྱི་ལུད་ཚུ་ཐད་ཀར་ལག་ལེན་འཐབ་ཐོག་ ནགས་ཚལ་ལས་ནགས་ལུད་ག་དེམ་ཅིག་འཐོནམ་ཨིན་ན་ལུ་རག་ལསཔ་ཨིན། ཆུའི་རྐ་ཚུ་ ཞིང་ཆུ་དཔག་ནི་དང་ སྒོ་ནོར་སེམས་ཅན་གི་དོན་ལུ་ཆུ་འཐོན་ས་ཨིན། ནགས་ཚལ་གྱིས་ སྒོ་ནོར་གི་རྩྭ་དང་ཆག་ཚུ་བྱིན་ནི་ལུ་ལྷན་ཐབས་འབདཝ་ཨིན། དེ་མ་ཚད་ ནགས་ཚལ་གྱིས་ སོ་ནམ་གྱི་ལཱ་ལུ་བརྟེན་སྡོད་མི་ མི་སྡེ་ཚུ་གི་འཚོ་བའི་གནས་སྟངས་རྒྱབ་སྐྱོར་འབད་ནི་ལུ་ཐོན་སྐྱེད་བྱིནམ་ཨིན། ནགས་ཚལ་དང་སོ་ནམ་གྱི་བར་ན་ ལཱ་འགན་ཕན་ཚུན་བརྟེན་པ་འདི་ཡུན་རིང་གི་དོན་ལུ་ རྒྱུན་སྐྱོང་འབད་ནི་དང་ ངེས་པར་མཁོ་བའི་སོ་ནམ་ས་གཞི་ཐོན་སྐྱེད་ ཡུན་བརྟན་དུ་ལོངས་སྤྱོད་ནི་འདི་ཡར་སེང་རྐྱབ་ནི་ཨིན། དམིགས་དོན་འདི་དང་འཁྲིལ་ འ་ནཱི་ཕན་ཚུན་བརྟེན་པ་འདི་ ག་དེ་སྦེ་མར་ཕབ་འགྱོཝ་ཨིན་ནའི་སྐོར་ལས་བསྐྱར་ཞིབ་འབད་དེ་ ངེས་པར་མཁོ་བའི་ཐབས་ལམ་ཚུ་ཉམས་གསོ་འབད་དེ་ ནུས་ཤུགས་བཟོ་ནི་ཨིན། རྩྭ་འབྲོག་ཐོན་སྐྱེད་ཚུ་ཡུན་བརྟན་དུ་ལོངས་སྤྱོད་འབད་ཐབས་ལུ་ འཛིན་སྐྱོང་དང་གཙུག་སྡེའི་རིམ་སྒྲིག་ཚུ་ཡར་སེང་རྐྱབ་ནི་ཨིན། རྩྭ་འབྲོག་གི་ཐོན་ཤུགས་དང་ཤོང་ཚད་ཡར་དྲགས་གཏང་ནི་ལུ་ འཛིན་སྐྱོང་གི་ལུགས་སྲོལ་འདི་ཡར་དྲགས་གཏང་ནི་ཨིན། འདི་ལུ་བརྟེན་ཏེ་ དཔལ་འབྱོར་འོང་འབབ་འདི་ཡར་དྲགས་གཏང་ཚུགསཔ་དང་ ཚད་རྒལ་རྩྭ་སྤྱོད་དང་འབྲེལ་བའི་རང་བཞིན་གནས་སྟངས་ཀྱི་གནོད་པ་ཚུ་མར་ཕབ་འབད་ཚུགས། མཐའ་མཇུག་ལུ་ རྩྭ་འབྲོག་གི་ཐོན་ཤུགས་དང་ཤོང་ཚད་འདི་ ཡར་སེང་རྐྱབ་ཚུགས་ཏེ་ སྒོ་ནོར་སེམས་ཅན་ཚུ་ནགས་ཚལ་ནང་ རྩྭ་ཁར་གཏང་ནི་འདི་མར་ཕབ་འབད་ཚུགས་ནི་དང་ ནགས་ཚལ་གྱི་ཐོན་སྐྱེད་ མང་རབས་སྦེ་ལོངས་སྤྱོད་ནིའི་དཀའ་ངལ་ཡང་མར་ཕབ་རྐྱབ་ཚུགས།

  • བཟའ་འཐུང་ཉེན་སྲུང་ཡར་སེང་རྐྱབ་ནི།
  • བཟའ་འཐུང་འཐོབ་དགོཔ་འདི་ འགྲོ་བ་མིའི་གཞི་རྟེན་འཐོབ་དབང་ཨིནམ་དང་ འདི་འཐོབ་ཚུགསཔ་སྦེ་བཟོ་ནི་འདི་ ལོ་ལེ་ཤ་གི་རིང་ལུ་ དཔལ་ལྡན་འབྲུག་གཞུང་གི་སྲིད་བྱུས་ཀྱི་དམིགས་དོན་གཙོ་བཅ་ཨིན། སྤྱི་ལོ་ ༡༩༥༠ དང་ ༡༩༨༠ ལུ་ ས་ཆ་

    ལེགས་སྒྱུར་གཞི་བཙུགས་འབད་མི་འདི་ ས་ཆའི་བདག་དབང་འདྲ་མཉམ་བཟོ་ནི་དང་ སོ་ནམ་ས་གཞི་གཙོ་ཅན་ཚུ་མི་ཉམས་རྒྱུན་སྐྱོང་འབད་ནི་ དེ་ལས་མི་ཚུ་ལུ་བཟའ་འཐུང་ཉེན་སྲུང་དང་ལྡནམ་བཟོ་ཐབས་ལུ་ འབྲུ་སྣ་ཚུ་རང་གིས་རང་ལངམ་བཟོ་ནི་འདི་ ཡར་དྲག་གཏང་ནི་ལུ་ཨིན། འདི་དང་འཁྲིལ་ དམིགས་བསལ་དུ་ འབྲུག་རྒྱལ་ཁབ་ཀྱི་གྲོང་གསེབ་ཀྱི་མི་མངམ་རང་ འོང་འབབ་ཉུང་སུ་དང་ འཚོ་བའི་གནས་སྟངས་དམའ་ཤོས་ཨིན་རུང་ ཐབས་རྡུགས་སི་སི་གི་དབུལ་ཕོངས་གནས་སྟངས་དང་བཀྲེས་སྐོམ་འདི་ འབྲུག་རྒྱལ་ཁབ་ནང་མེདཔ་ཨིན། འདི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ལས་ སེམས་ཤུགས་བསྐྱེད་དེ་བརྩམ་ཡོད་པའི་ སྐྱིད་སྡུག་གོང་འཕེལ་གྱི་སྲིད་བྱུས་ལུ་བརྟེན་ཏེ་ཨིན། དུས་ཡུན་རིངམོ་གི་རིང་ལུ་ འབྲུག་རྒྱལ་ཁབ་ནང་བཟའ་འཐུང་ཉེན་སྲུང་འདི་ བཟའ་འཐུང་རང་གིས་རང་ལངམ་བཟོ་ནི་འདི་ གནས་ཚད་འོས་ལྡན་ཅིག་ལུ་ལྷོད་ཐོག་ལས་ བཟའ་འཐུང་འཐོབ་ཚུགསཔ་བཟོ་ནི་ལུ་བརྩོན་ཤུགས་བསྐྱེད་ནུག། བཟའ་འཐུང་འཐོབ་ཚུགསཔ་བཟོ་ནི་དང་ བཟའ་འཐུང་དོན་སྨིན་ཅན་གྱི་ཐོག་ལས་ལོངས་སྤྱོད་ནི་འདི་ སྣང་མེད་བསྐྱུར་བཞག་ནུག། ཨིན་རུང་ ད་འབདན་ བཟའ་འཐུང་ཉེན་སྲུང་འདི་ བཟའ་འཐུང་ཡོདཔ་བཟོ་ནི་དང་ འཐོབ་ཚུགསཔ་བཟོ་ནི་ དེ་ལས་བཟའ་འཐུང་དོན་སྨིན་གྱི་ཐོག་ལས་ལོངས་སྤྱོད་ནི་ལུ་ཧ་གོ་དགོཔ་ཨིན། འཆར་གཞི་ ༡༠ པའི་ སྤྱིར་བཏང་དམིགས་ཡུལ་འདི་ དབུལ་ཕོངས་མར་ཕབ་རྐྱབ་ནི་འདི་ཨིན། དབུལ་ཕོངས་འདི་ བཟའ་འཐུང་མེདཔ་དང་འཐོབ་མ་ཚུགསཔ་ དེ་ལས་བཟའ་འཐུང་དོན་སྨིན་ཅན་གྱི་ཐོག་ལས་ལོངས་མ་སྤྱོད་མི་ལུ་བརྟེན་ཏེ་ཨིནམ་ལས་ དབུལ་ཕོངས་མར་ཕབ་རྐྱབ་ནི་ལུ་ གོང་གི་གནད་དོན་གསུམ་འདི་ གཅིག་ཁར་སྦེ་དཀའ་ངལ་བསལ་དགོཔ་ཨིན། འཆར་གཞི་ ༡༠ པའི་ནང་ ལས་སྡེ་གིས་ བཟའ་འཐུང་ཡོདཔ་བཟོ་ནི་དང་ འཐོབ་ཚུགསཔ་བཟོ་སྟེ་ བཟའ་འཐུང་ཉེན་སྲུང་ཡར་དྲག་གཏང་སྟེ་ དབུལ་ཕོངས་མར་ཕབ་རྐྱབ་ནི་ཨིན།

བཟའ་འཐུང་ཉེན་སྲུང་ཡར་དྲག་གཏང་ནི་ལུ་ བཟའ་འཐུང་ཐོན་ཤུགས་ཡར་དྲག་གཏང་ནི་དང་ གྲོང་གསེབ་ཀྱི་མི་རློབས་ཀྱི་དངུལ་གྱི་འོང་འབབ་ཡར་སེང་རྐྱབ་ཐོག་ལས་ བཟའ་འཐུང་འཐོབ་ཚུགསཔ་བཟོ་ནི་ཨིན། དུས་ཐོག་ལུ་ འབྲུ་སྣ་དགོཔ་གཙོ་བོ་འདི་ཆུམ་ཨིནམ་ལས་ ནང་འཁོད་ཀྱི་ཆུམ་ཐོན་ཁུངས་ལས་ བརྒྱ་ཆ་ ༥༠ རང་གིས་རང་ལངམ་བཟོ་ནི་ལུ་ དམིགས་པ་བསྐྱེདཔ་ཨིན།

Loading

Print Friendly, PDF & Email
Share